基于藏文构词法的分词单位研究
更新日期:2018-09-25     来源:西藏研究   浏览次数:197
核心提示:གནད་བསྡུས།བོད་ཡིག་ཚིག་སྦྱོར་གྱི་ཐ་སྙད་དག་ལ་ངོས་འཛིན་ཡང་དག་པ་ཞིག་བྱེད་ར

 གནད་བསྡུས། བོད་ཡིག་ཚིག་སྦྱོར་གྱི་ཐ་སྙད་དག་ལ་ངོས་འཛིན་ཡང་དག་པ་ཞིག་བྱེད་རྒྱུ་ནི་དེང་སྐབས་བོད་སྐད་སྐད་བརྡ་རིག་པའི་རྩ་བའི་རྨང་གཞི་ཡིན་ལ། མ་འོངས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་འཕེལ་རྒྱས་སུ་འགྲོ་བར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ཞིག་ཀྱང་རེད། དཔྱད་རྩོམ་འདིའི་ནང་། བོད་སྐད་ཡིག་གི་བརྡ་སྤྲོད་པའི་གཞུང་དང་མཐུན་པར་སྦྱར་ཏེ། སྐད་ཡིག་གཞན་དང་མི་འདྲ་བའི་བོད་ཀྱི་ཐ་སྙད་གྲུབ་ཚུལ་ཐུན་མོང་མ་ཡིན་པ་དེར་དཔྱད་པ་བྱས་ཙམ་བགྱིས་ཤིང་། དེ་རྣམས་ཁ་གསལ་བའི་ཕྱིར་དཔེར་བརྗོད་དང་འབྲེལ་ནས་ངོ་སྤྲོད་ཀྱི་ཚུལ་དུ་རགས་ཙམ་གླེང་བའོ།

གནད་ཚིག བོད་ཡིག་ཆ་འཕྲིན། ཐ་སྙད་ངོས་འཛིན། ཐ་སྙད་ཀྱི་གྲུབ་ཚུལ། 

གླེང་གཞི།

དུས་རབས་ཉེར་གཅིག་པ་འདི་ནི་ཆ་འཕྲིན་གྱི་དུས་རབས་སུ་གྲགས་ཤིང་། འདས་བཟིན་པའི་ལོ་ཤས་རིང་ལ་འཛམ་གླིང་གི་ས་ཕྱོགས་ཡོངས་ལ་ཆ་འཕྲིན་ལག་རྩལ་བྱ་འཕུར་བ་ལྟར་གྱིས་གསར་གཏོད་དང་གོང་འཕེལ་ཆེན་པོ་བྱུང་ནས་ད་ལྟ་གོ་ལ་ཧྲིལ་པོར་ཡོངས་སུ་དར་ཁྱབ་བྱུང་ཡོད། དེ་བཞིན་ལོ་རྒྱུས་ཡུན་རིང་ལྡན་ལ་མི་རིགས་འདིའི་བླ་སྲོག་དང་མཚོན་རྟགས་ཞིག་ཏུ་གནང་བའི་བོད་སྐད་ཡིག་འདི་ཡང་དུས་རབས་འདིའི་གོམ་སྟབས་དང་མཉམ་དུ་སྤོ་བཞིན་ཡོད་གསལ། དེར་བརྟེན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་འདི་གོང་འཕེལ་འགྲོ་བར་སྔོན་ལ་རྩིས་འཁོར་གྱི་དགོས་མཁོར་གཞིགས་ནས་བོད་ཡིག་གི་ཐ་སྙད་ངོས་འཛིན་ཚད་ལྡན་དུ་གཏོང་རྒྱུ་དང་གཅིག་རྒྱུར་ཡོང་ཐུབ་པ་བྱེད་རྒྱུ་ནི་ཆ་འཕྲིན་མ་ལག་ཀུན་གྱི་རྩ་བའི་རྨང་གཞི་ཡིན་ལ། དེ་གཞན་བོད་ཡིག་ཆ་འཕྲིན་མ་ལག་འཛུགས་སྐྲུན་ཐད་ལ་ཁུངས་ལྡན་གྱི་གཞི་འཛིན་ས་མཁོ་འདོན་བྱའོ།

དང་པོ། འབྲེལ་ཡོད་གོ་དོན་དང་དེའི་རིགས་དབྱེ་འགའ།

༡ ཐ་སྙད་ཀྱི་རྒྱུ།

ཐ་སྙད་ཀྱི་རྒྱུ་(词素)ཞེས་པ་ནི་སྒྲ་དོན་འདྲེས་རུང་གི་སྐད་ཆའི་སྡེ་ཚན་ཆུང་ཤོས་དེར་གོ་བ་ཡིན་ཞིང་།  དཔེར་ན། མེ། ཆུ། སྒྲོག་ཙེ་ཞེས་པ་ལྟ་བུ་འདོད་རྒྱལ་གྱི་མིང་ཡིན་ན་རང་རྒྱུ་གཅིག་ལས་མེད་པ་དེ་ཡིན། རྗེས་གྲུབ་ཀྱི་མིང་ནི་སྒྲ་དོན་འདྲེས་རུང་གི་སྐད་ཆའི་སྡེ་ཚན་ཆུང་ཤོས་སམ་རང་རྒྱུ་གཉིས་སོགས་གཉིས་ཡན་འདུས་ནས་གྲུབ་པ་ཡིན་ཏེ། དཔེར་ན། སློབ་ཁང་། ཉལ་ཁྲི། རིག་གཞུང་སློབ་གླིང་ལྟ་བུའི་མིང་རེ་རེ་ལ་སྒྲ་ཚིགས་(音节)གཉིས་སམ་དུ་མ་འདུས་ཡོད།

ཐ་སྙད་ཀྱི་རྒྱུ་ལ་དོན་གྱི་ངོ་བོའི་ཆ་ནས་མིང་གི་བརྡ་དོན་(词汇意义)དང་ཚིག་གི་བརྡ་དོན་(语法意义)ཞེས་རིགས་གཉིས་སུ་དབྱེ་ཡོད། འདིར་མིང་གི་བརྡ་དོན་ཞེས་པ་ནི་མིང་གི་མཚོན་བྱའི་དོན་ཏེ། སྲོལ་རྒྱུན་དུ་དོན་གྱི་ངོ་བོ་ཟེར། ཚིག་གི་བརྡ་དོན་ཞེས་པ་ནི་སྲོལ་རྒྱུན་བརྡ་སྤྲོད་དུ་ཚིག་ཕྲད་གཞན་ཞེས་པའི་བདག་སྒྲ་དང་། དགག་སྒྲ། སྤྱི་སྒྲ་སོགས་ལྟ་བུ་རང་ཉིད་ཚིག་ཕྲད་བྱེད་པ་མ་ཡིན་ཡང་མིང་དང་ལྷན་དུ་སྦྱར་ན་མཚོན་དོན་ངེས་ཅན་ཞིག་སྟོན་རྒྱུ་ཡོད་པ་དེ་ཡིན། དཔེར་ན། སློབ་མ་ལྟ་བུ་སློབ་དང་སློབ་མ་གཉིས་དོན་གཅིག་པ་མ་ཡིན་པའི་སྐབས་དེའི་ཁྱད་པར་གཙོ་བོ་ནི་མ་དེ་ཡིན་ཞིང་། བདག་པོ་གསལ་བྱེད་ཀྱི་སྒྲ་སྟེ་མིང་གི་མཐར་སྦྱར་ཚེ་གཞི་ནས་དེའི་དོན་དེ་གོ་བ་ཡིན།

༢ ཐ་སྙད་ཀྱི་གྲུབ་ཚུལ(构词法)། 

ཐ་སྙད་ཞེས་པ་ནི་ཐ་སྙད་ཀྱི་རྒྱུ་གཅིག་གམ་གཉིས་སོགས་འདུས་ནས་དེའི་དོན་གྱི་ངོ་བོ་རྐྱང་པ་བརྗོད་པ་ལ་གོ་བ་ཡིན། དཔེར་ན། ཁོང་/nགིས་/xགསུངས་བཤད་/vnགལ་ཆེན་/asགནང་/v། ཞེས་པ་ལྟ་བུ་ཁྱོན་ཐ་སྙད་མི་འདྲ་བ་༥ཡི་གྲུབ་ཡོད།

ཐ་སྙད་ལ་རང་གི་བྱེད་ནུས་དང་ཁྱད་ཆོས་དེ་བཞིན་གྲུབ་ཚུལ་སོགས་གཞི་འཛིན་ས་མ་འདྲ་བའི་ཕྱོགས་ནས་དབྱེ་བ་དུ་ཡོད་ཀྱང་། འདིར་སྐབས་དོན་གཙོ་བོ་ཐ་སྙད་ཀྱི་གྲུབ་ཚུལ་ཐད་ནས་དབྱེ་བ་སྟེ། ཐ་སྙད་ཀྱི་རྒྱུ་གཅིག་གིས་གྲུབ་པའི་ཐ་སྙད་རྐྱང་པ་དང་། ཐ་སྙད་ཀྱི་རྒྱུ་གཉིས་ཡན་འདུས་ཏེ་གྲུབ་པའི་ཐ་སྙད་འདུས་མ་བཅས་རིགས་གཉིས་ཡོད།

གཉིས་པ། ཐ་སྙད་ཀྱི་ངོས་འཛིན་ལས་ཐ་སྙད་རྐྱང་པ་(单纯词)ཡི་གྲུབ་ཚུལ།

ཐ་སྙད་རྐྱང་པ་ནི་ཐ་སྙད་ཀྱི་རྒྱུ་གཅིག་གིས་གྲུབ་པའི་དོན་རྐྱང་པ་དང་སྒྲ་འབྲུ་ཉུང་ཤོས་ཅན་དེ་ཡིན། དེ་ལ་ཡང་ཚེག་ཁྱིམ་མམ་སྒྲ་ཚིགས་མང་ཉུང་གི་ཐད་ནས་འབྲུ་གཅིག་དང་འབྲུ་མང་ཞེས་གཉིས་སུ་དབྱེ་ཡོད། དེ་ཡང་སྲོལ་རྒྱུན་བརྡ་སྤྲོད་ངོས་ནས་བརྗོད་ན་དེ་ནི་རྣམ་དབྱེ་དང་པོ་མིང་གི་ངོ་བོ་ཙམ་སྟོན་པའི་སྒྲ་སྟེ་སྲོལ་རྒྱུན་དུ་འདོད་རྒྱལ་གྱི་མིང་ཟེར། །

༡ ཐ་སྙད་རྐྱང་པ་འབྲུ་གཅིག་ཅན། 

དཔེར་ན། གཡས། གཡོན། གཉིས། ཡིན། མིན། ཆེ། ཆུང་། ས། ཆུ། ཤར། ལྷོ། ཡོད། མེད། མཐུད་ལྟ་བུའོ།

༢ ཐ་སྙད་རྐྱང་པ་འབྲུ་མང་ཅན།  

ཚིག་ཁྱིམ་གཉིས་སམ་གཉིས་ཡན་ལས་གྲུབ་པའི་སྒྲའི་རྣམ་པ་ཅན་དེ་ཡིན།  དཔེར་ན།  

(༡) དངོས་པོའི་མིང་། ཉི་མ། ཟླ་བ། དཔྱིད་ཀ། ལག་པ། རྐང་པ། ཁང་པ།